གྲྭ་བའི་མིག་ནང་གི་དབྱངས་ཕྱུག་མཚོ།


མེ་ཏོག་ཆུན་པོ་དབྱངས་ཕྱུག་མཚོ།
 གྲྭ་བའི་མིག་ནང་གི་དབྱངས་ཕྱུག་མཚོ།
ཉེ་ལམ་བརྙན་འཕྲིན་དང་དྲ་ལམ་བརྒྱུད་དེ་རྒྱལ་ཡོངས་ཀྱིས་༼མེ་ཏོག་ཆུན་པོ་༽ཞེས་པའི་སྒྱུ་རྩལ་འགྲན་བསྡུར་ཁྲོད་ན་ཕ་ཡུལ་མཚོ་སྔོན་ནས་ཡིན་པས་བོད་པའི་བུ་མོ་དབྱངས་ཕྱུག་མཚོ་ཟེར་བ་ཞིག་ཡོད་ཚུལ་ཉེ་འཁོར་གྱི་གྲྭ་གསར་ཚོས་ཀྱང་འུར་ལངས་ནས་བཤད་ཀྱིན་ཡོད་པས་ང་རང་ཡང་བུད་མེད་ཚོའི་སྒྱུ་རྩལ་གང་ལ་བལྟ་འདོད་བྱུང་ཚེ་ཆོས་དཔེ་སྣ་རིང་གི་གླེགས་ཐག་ཀྱང་སྡོམ་ལོང་མི་སྟེར་བར་བརྙན་འཕྲིན་གྱི་ངོས་སུ་མིག་གེར་དེ་ཚོད་ཚོད་ལ་ཀི་རིང་དང་ཧབ་ཆ་རྒྱག་མཁན་དང་རས་གཟན་དམར་པོ་འདིས་མིན་རྒྱུ་ན་སྐུ་དངོས་སུ་གར་སྟེགས་ཀྱི་འགྲམ་གང་རུང་དུ་བསྡད་དེ་གོ་སྐབས་བྱུང་ན་ཁོ་མོ་ཅག་ལ་མེ་ཏོག་ཆུན་པོ་རེ་འབུལ་རྒྱུ་བྱུང་ན་བསམ་མཁན་གྱི་གསར་བུ་རྒོད་པོ་དེའི་རིགས་ཡིན།
དབྱངས་ཕྱུག་མཚོ་ལགས།སྐུ་བདེ་མོ།ང་ནི་གྲྭ་རྐྱང་ཞིག་ཡིན། ཉེ་ལམ་ཟླ་ངོ་འགའ་ཤས་ཀྱི་རིང་དུ་༼མེ་ཏོག་ཆུན་པོ་༽ཞེས་པའི་རྒྱལ་ཡོངས་སྒྱུ་རྩལ་འགྲན་བསྡུར་གྱི་གར་སྟེགས་སྟེང་དུ་བོད་རིགས་བུ་མོ་ཁྱེད་རང་འབུད་རྒྱུ་བྱུང་བར་བོད་རིགས་མང་ཚོགས་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད་པ་མ་ཟད་གྲྭ་རྐྱང་ང་ལྟ་བུ་ཚོའང་དངོས་ནས་དགའ་སྤྲོ་བྱུང་ཡོད། རྒྱུ་མཚན་ནི་ གོ་ཐོས་ལྟར་ན་ཁྱེད་རང་ནི་ཆེད་ལས་རང་བཞིན་གྱི་སྦྱོང་བརྡར་ཐོབ་མ་མྱོང་པར་རང་གིས་འབད་བརྩོན་དང་ནུས་རྩལ་ལ་བརྟེན་ནས་ད་ཐེངས་རྒྱལ་ཡོངས་ཀྱི་འགྲན་ཞུགས་པ་བཞིའི་གྲས་སུ་ཚུད་པ་རེད་ཟེར་བ་དེ་ཡིན། ཕལ་ཆེར་རྒྱུ་རྐྱེན་དེ་དག་གིས་མེ་ཏོག་ཆུན་པོའི་འགྲན་སྡུར་ཁྲོད་ཞུགས་ཚུན་ནས་ད་ལྟའི་བར་དུ་རྒྱལ་ཡོངས་ཀྱི་ལྟ་མཁན་མང་པོ་ཞིག་གིས་ཁྱེད་ལ་ཞུམ་པ་མེད་པའི་མཚོ་བོད་མཐོ་སྒང་གི་སྐལ་བཟང་མེ་ཏོག་ཅེས་པའི་ཁ་འབར་སྒྲོགས་པ་ལོས་ཡིན། ཡང་གཞན་ཞིག་ནི་ཁྱེད་ཀྱིས་གཞས་གཏོང་ཞོར་དུ་ཞབས་བྲོ་ཡང་འཁྲབ་སྟོན་བྱས་པ་དང་འགྲན་ཞུགས་མི་སྣ་གཞན་དག་དང་མི་འདྲ་བར་མི་རིགས་ཀྱི་ཁྱད་ཆོས་ངོམས་རྒྱུ་ཡོད་པ་སོགས་ཀྱིས་དཔྱད་འདེམ་པ་དང་ལྟད་མོ་བས་དབྱངས་ཕྱུག་མཚོ་ལ་འགྱུར་ལྡོག་བརྒྱ་འགྱུར་གྱི་འཁྲབ་སྟོན་པ་ཞེས་འུར་འབོད་དང་དགའ་བསུ་བྱ་དོན་ཡང་དེའི་རྐྱེན་ཨེ་ཡིན་ནམ་བསམ་བྱུང་། གང་ལྟར་ཡང་ཡག་རྒྱུ་མེད་ལ་གཙོག་རྒྱུ་དེ་བས་ཀྱང་མེད་པའི་བུ་མོ་གཞོན་ནུ་མ་ཁྱོད་ལ་ཡང་བསྐྱར་འདི་ནས་ཡི་རངས་ཏོག་ཙམ་ཞུ། སྤྱིར་ན་སྒྱུ་རྩལ་ལ་རིགས་མི་འདྲ་བ་མང་དུ་ཡོད་ནའང་ད་ཐེངས་ཁྱོད་ཀྱི་སྒྱུ་རྩལ་ནི་གླུ་གར་འཁྲབ་སྟོན་གྱི་རིགས་དེ་ཡིན་ལ་ལྷག་པར་དུ་རྒྱལ་ཡོངས་འགྲན་བསྡུར་རང་བཞིན་གྱི་ཁྲོད་ན་གླུ་གར་སྒྱུ་རྩལ་ལ་འགྲན་རྩོད་ཀྱིས་བླ་ཞུགས་ཡོད་ལ་མི་ཚོགས་ཀྱི་མིག་ཟུང་ཁྲི་ཕྲག་གིས་རྒྱས་བཅིངས་ཡོད་པས་མཚམས་ལན་རེར་དངངས་འཚབ་དང་བྲེལ་འཚུབ་ཀྱིས་ངག་འདར་ཞིང་བློ་སྤོབས་དང་ལ་རྒྱའི་མགོ་བོ་སྨད་དགོས་པའི་སྐབས་ཀྱང་ཡོད་ངེས་ལ་གར་སྟེགས་སུ་གོམ་ཁ་བསྒྱུར་ཡོང་དུས་ལྟད་མོ་བ་ཁྲི་སྟོང་མང་པོས་དགའ་བསུ་ཐོབ་པའི་ཀི་སྒྲ་དང་མགོ་ལྡེམ་ལག་གཡུགས་བྱེད་པའི་རྔམས་བརྗིད་ཁྲོད་ཡར་ལངས་ཤིང་གླུ་གར་གྱི་འཁྲབ་སྟོན་ཐེངས་གཅིག་བྱ་རྒྱུ་ནི་ཆེས་གཟི་བརྗིད་ལྡན་པ་ཞིག་ཀྱང་རེད་པས་སྐབས་སྐབས་ཀྱི་ལྟད་མོ་བའི་ཟིང་ཆ་བཟོ་སྟངས་དེས་རང་ལུས་རང་དབང་དུ་མི་ཡོང་བའི་ཚོར་སྣང་ཞིག་ཀྱང་ལོས་སྟེར་སྙམ། སྤྱིར་ན་ཆེས་སྤྱིར་བཏང་བའི་བུད་མེད་ཞིག་ལ་མཚོན་ན་འདི་འདྲའི་གོ་སྐབས་ཧ་ཅང་ཉག་ཕྲ་བ་མ་ཟད་ལྷག་པར་བོད་རིགས་གཞོན་ནུ་མའི་ཁྲོད་དུ་རྒྱལ་ཡོངས་འགྲན་ཞུགས་ཁྲོད་ཀྱི་མི་སྣ་བཞི་བའི་ནང་དུ་འདུག་ཐུབ་རྒྱུ་དེ་ངོམས་རིན་ཡོད་པའི་རྒྱལ་ཁ་ཞིག་ཀྱང་ཅི་ལ་མིན།
དབྱངས་ཕྱུག་མཚོའི་ཁེར་ཚུགས་ཐོལ་བརྒལ།
མི་ངོ་དང་རྒྱུ་ངོ་ཡིས་རྡོ་སྐས་མ་བརྩིགས་ཤིང་དངུལ་ལོ་དང་ལུས་འབྲེལ་གྱི་རྒྱབ་རྩ་ཅང་ཡང་མེད་པའི་བོད་རིགས་གཞོན་ནུ་མ་ཁྱོད་ལ་མཚོན་ན་གར་སྟེགས་ནི་ཀྱག་ཀྱོག་གི་ལམ་ཕྲན་ཞིག་དང་འདྲ་བར་ཧ་ཅང་བགྲོད་དཀའ་བ་ཞིག་ཡིན་ནའང་རང་ཉིད་ཀྱི་འཇོན་ཐང་ཁོ་ནས་མེ་ཏོག་ཆུན་པོའི་ཕྱོགས་སུ་གོམ་ཁ་ཤུགས་ཀྱིས་འདེགས་བཞིན་འགྲན་ཞུགས་པ་གཞན་དག་གི་གླུ་གར་གང་འཁྲབ་པ་དེ་ལས་འབུར་དུ་ཐོན་པའི་གླུ་གར་འཁྲབ་རྒྱུ་ཡོད་པ་མ་ཟད་མཚམས་རེར་ནུབ་ལུགས་ཀྱི་བཟོ་ལྟ་ཡིད་དུ་འོང་བར་བྱས་ཏེ་ན་ཆུང་མ་སྒེག་པའི་ཉམས་ཡོངས་སུ་རྫོགས་པ་དེང་རབས་གྲོང་ཁྱེར་གྱི་བུ་མོ་གཞོན་ནུ་མ་ཞིག་དང་འདྲ་ལ་སྐབས་འགར་བོད་རང་གི་ལྭ་གྱོན་ཞིང་བོད་གླུ་སྙན་པའི་དབྱངས་སུ་གྱེར་དུས་བརྩེ་བ་འབུམ་གྱིས་ཕྱུག་ཅིང་འཛུམ་ཀོང་འོད་ཀྲིག་གེར་ཡོད་པ་མིག་ཟུང་དང་མཆུ་སྒྲོས་འགུལ་སྟངས་ལས་རྩྭ་ཐང་གི་འབྲོག་ཕྲུག་མ་ཞི་འཇམ་ཕར་ལ་ཨ་རོགས་བུ་མོ་ཟེར་ན་མགོ་བཀྱགས་ཏེ་ཨ་ལན་སྟེར་མི་ཐུབ་པའི་སྙིང་སྡུག་མ་ཞིག་གི་ཚུགས་ཀ་དག་ལས་རང་ཉིད་ཀྱི་གཉུག་གཤིས་སུ་གྲུབ་པའི་ལུས་ངག་ཡིད་གསུམ་གྱི་རྩལ་ཀུན་ནས་སྤྲུགས་ཤིང་སྒྱུ་རྩལ་གྱི་ཟུར་སྣེ་རེ་རེ་ལས་ཁོ་མོའི་གླུ་སྐད་ལ་ཉན་ཞིང་སྐྱེས་གཟུགས་ལ་ཅེར་བའི་ལྟད་མོ་བ་གྲངས་མེད་ཀྱི་བླ་བཀུགས་ཤིང་སྙིང་མྱོས་པར་བྱས་པ་མ་ཟད་ལ་ལས་ཡིད་སྨོན་དབང་མེད་ཤོར་དེ་མིག་ཆུ་བཏང་། ཁ་ཤས་དགའ་བདེ་ཟད་མི་ཤེས་པའི་སྟོབས་འབར་དེ་ཚོད་ཚོད་ལ་འཕག་འཚག་དང་ཀི་རིང་བཏབ་སྟེ་གནམ་ས་འགས་ལ་བྱེད་པ། འགའ་ཤས་ཀྱི་མིང་ནས་བོས་ཤིང་སེམས་ཀྱིས་སྐྱོར་གྱི་ཡོད་པ་ལ་སོགས་ནི་ཡོད་ཚད་ཀྱིས་ཁྱོད་ལ་རེ་བ་སྟོང་གི་བརྟས་ཡོད་པ་མ་ཡིན་ནམ་དེ་ལས་ཀྱང་རིན་ཐང་ཆེན་པོ་ཡོད་པ་ཞིག་ནི་ཕ་ཡུལ་ན་ཨ་མ་དྲིན་མོ་ཆེའི་བུ་མོ་ཁྱོད་ལ་བཅངས་པའི་རེ་བའི་མིག་ཟུང་ཆེར་བགྲད་ཡོད་པ་མ་ཟད་ད་དུང་ཨ་ཅེ་དང་བཅུ་དྲུག་ལོ་ན་མ་སོན་པའི་སྙིང་རྗེ་བའི་སྲིང་མོ་ཆུང་ཆུང་བཅས་ཀྱི་མིག་ཆུ་དང་སྐྱབས་འཇུག་གིས་ཁྱོད་ལ་བློ་སྤོབས་བསྣན་ཞིང་ལ་རྒྱའི་ས་བོན་བཏབ་ཡོད་ལ་སྲིང་མོ་ཆུང་ཆུང་གི་འཕྲིན་ཡིག་ལས་ཁྱེད་ཀྱི་མ་ཡུམ་དང་གཅེན་གཅུང་གསུམ་གྱིས་ཁྱོད་ལ་བཅངས་པའི་བརྩེ་འདང་དང་ཡིད་ཆེས་ཀྱི་ཟབ་ཚད་གཏོགས་མི་ཡོང་ངམ།
དབྱངས་ཕྱུག་མཚོའི་ཁ་བཏགས་ཀྱི་ཕྱག་རྒྱ།
འགྲན་རྩོད་ཁྲོད་དུ་ཁྱོད་ཀྱིས་རང་མི་རིགས་ཀྱི་གླུ་གཞས་སྙན་མོ་དག་གིས་ལྟད་མོ་བ་ཁྲི་སྟོང་མང་པོ་མདོ་དབུས་མཐོ་སྒང་གི་ཁོད་ཡངས་པའི་རྩྭ་ཐང་སྟེང་གི་སྦྲ་རོག་རོག་ནང་དུ་ཁྲིད་པ་མ་ཟད་མི་རིགས་གཞན་དང་གཞན་གྱི་གླུ་གར་དང་ལྷག་པར་དེང་རབས་ཨ་གསར་ལ་དགའ་བའི་ན་གཞོན་ཕོ་མོ་རྐྱལ་སྟོང་ཚོར་འཚམས་པའི་དགྱ་བོད་ཀྱི་དེང་རབས་གླུ་གཞས་འདྲ་མིན་གྱིས་ཁོ་ཚོ་ཧང་སང་བར་བྱས་པ་འདིས་༼གདང་ལ་རི་བོའི་དྲག་རླུང་༽ཟེར་བའི་བརྙན་སྡེར་ནང་གི་གླུ་བ་གླུ་མ་ཡིན་ཟེར་བའི་སྨྱོན་པའི་ཁྱུ་དེ་དག་དང་ཨ་ཅག་ཚན་སྡེབ་ཀྱི་བྱ་སྤྱོད་རྫོབ་པོ། རྨ་ཁུགས་དང་པོའི་ལྷན་འཛོམས་སྟེང་གི་གླུ་མ་ཚེ་སྐྱིད་ཀྱི་ཤ་ཡུ་མོ་ཤེད་བླངས་ཏེ་མིག་རྫོབ་བྱེད་ཚུལ། གཞན་དེང་སང་གི་རྡུང་ལེན་པ་འགའ་ཤས་ཀྱི་དངུལ་ལོའི་ཆེད་དུ་བསྟོད་ཚིག་ཆག་དུམ་དབྱངས་རྟ་རྙིང་བར་བརྒྱུས་ཏེ་བཙན་ཚུགས་ཀྱིས་བླ་མ་རིན་པོ་ཆེ་ཟེར་ནས་མིག་བཙུམ་ཐལ་སྦྱོར་བྱེད་པའི་ཟོལ་སོགས་དང་རྦད་དེ་མི་འདྲ་བར་མ་ཟད་རྒན་མོ་དམར་མོ་ལྷ་སའི་ཚེ་བརྟན་སྒྲོལ་མའི་མི་རིགས་ཀྱི་བརླ་རྐང་རྡུང་བྱེད་ཀྱི་བསྟོད་གླུའམ་འདྲེ་གླུ་སོགས་དང་རྒྱབ་འགལ་དུ་སོང་བའི་འགྲན་རྩོད་གོ་རིམ་ཁྲོད་གང་ལ་གང་འཚམས་ཀྱིས་གླུ་གཞས་གཅིག་ལས་གཅིག་ལྷག་དང་སྔོན་མ་ལས་རྗེས་མ་དག་ཇེ་སྙན་ནས་ཇེ་སྙན་གྱིས་མི་ཚོགས་མང་པོ་ཁོ་མོའི་སྒྱུ་རྩལ་གྱི་ཞིང་ཁམས་གཞན་ཞིག་ཏུ་འཁྲིད་འགྲོ་བའི་བདེ་ཚོར་མ་མྱང་བ་སུ་ཡོད་ཨང་།
དབྱངས་ཕྱུག་མཚོ་དང་གྲྭ་རྐྱང་གི་བར་ཐག
དབྱངས་ཕྱུག་མཚོས་བཤད་རྒྱུར།༼ང་ནི་མ་གཞི་ནས་གྲངས་ཉུང་མི་རིགས་ཡིན་པས་མི་རིགས་ཀྱི་ཁྱད་ཆོས་ཡོད་སྲིད། ༽རེད་དེ། གཟུགས་ཅུང་ཆེ་ལ་ཤ་རྩ་སྨུག་པ་དང་སྐད་གདངས་མཐོར་འགྱོགས་དང་བོད་ལྭ་གྱོན་སྟངས་ཕྱོགས་གང་ཐད་ནས་བལྟས་ཀྱང་བོད་མི་ཞིག་ཡིན་པ་ཅིག་ཅར་དུ་ཤེས་ཡོང་།༼ཡིན་ཡང་ལེ་ཚན་གྱི་ཕྱིར་དུ། ངས་རོལ་མོའི་དགེ་རྒན་ལ་གྲོས་བྱས་ནས་གཞས་བདམས་ཤིང་དེའི་འཕྲོར་ཐག་གཅོད་བྱས་པ་ཡིན།འདི་ཡང་ཁག་མེད་དེ་འགྲན་རྩོད་དང་རྒྱལ་ཕམ་གྱི་སྐབས་སུ་སྣ་གོར་མོ་ནས་ནུས་རྩལ་འདོན་དགོས་རྒྱུ་ཞིག་ཡིན་མོད་༼ངས་ནམ་རྒྱུན་རུས་པའི་གསེང་གི་བོད་རིགས་ཀྱི་གཞས་དེ་གླུ་ལེན་མི་འདོད།དེ་བས་ལེན་སྟངས་དང་ལེན་བྱ་བསྒྱུར་བ་ཡིན་ཟེར།༽ཟེར་ན་ཅང་ཡང་གོ་རྒྱུ་མི་འདུག་སྟེ་རུས་པའི་གསེང་གི་བོད་གཞས་ལེན་མི་འདོད་ན་ཤ་ཡི་སྟེང་གི་བོད་གཞས་དང་ཡང་ན། སྐྲ་རྩེའི་བོད་གཞས། རྡོག་སྣེའི་བོད་གཞས་ཟེར་བ་ཞིག་ལེན་རྩིས་ཡོད་པ་མིན་ནམ། བོད་ཀྱི་གླུ་གཞས་ལེན་པའི་དུས་སུ་ཁྱོད་ཀྱི་གཤིན་འཇམ་གྱི་ཉམས་འགྱུར་དག་གིས་ཡིད་འཕྲོག་པར་བྱེད་ཀྱིན་པ་ལས་བོད་ཀྱི་གླུ་གཞས་གང་ཞིག་ལ་ཁྱོད་ཀྱིས་ལེན་སྟངས་བསྒྱུར་དེ་ཧང་སང་བར་བྱེད་པ་གཅིག་ཀྱང་ཐོན་མ་སོང་པས་ཚོད་ཚོད་ལ་ཀླད་རྡོ་མ་འཕེན་རོགས།༼འགྲན་རྩོད་ཁྲོད་རོལ་མོ་དགེ་རྒན་གྱིས་མཐའ་གཅིག་ཏུ་དེང་རབས་ཀྱི་ཕྱོགས་སུ་བསྙེགས་པར་སྐུལ་མ་དང་དཔྱད་འདེམ་པའི་རེ་བ་ནི་རང་མི་རིགས་ཀྱི་ཁྱད་ཆོས་སྲུང་འཛིན་བྱ་རྒྱུ་དེ་ཡིན་པའི་ལྟ་ཚུལ་དང་འདོད་བློ་མི་འདྲ་བ་ཕྱོགས་གཉིས་ཀྱི་༽མཚམས་ནས་ཁྱོད་ཀྱིས་༼ང་ནི་མི་རིགས་ཀྱི་གླུ་མ་ཞིག་ཡིན་པའི་ངོས་ཐད་ནས།མཚམས་ལན་རེར་ངས་མི་རིགས་ཀྱི་གླུ་དབྱངས་ལེན་རྒྱུ་དང་སྐབས་ལན་རེར་ངས་དེང་རབས་ཀྱི་གཞས་གཏང་གི་ཡིན།རང་ཉིད་ཐོད་བརྒལ་བྱ་རྒྱུ་དེ་ཡང་རང་གི་ཕྱོགས་སྒོ་མོའི་འཇོན་ནུས་མངོན་པའི་གོ་སྐབས་ཤིག་ག་ལ་མིན། རྒྱུན་དུ་བོད་གཞས་ཏག་ཏག་བླངས་ན་ངས་བསམ་ན་ལྟ་མཁན་ཚོ་ཡང་སུན་རྒྱུ་རེད།དེ་བས་ངས་ཅི་ནུས་ཀྱིས་རང་ཉིད་ཀྱི་བློ་ཁ་དེང་རབས་འཁྲབ་སྟོན་གྱི་གར་སྟེགས་ཕྱོགས་སུ་བསྒྱུར་པ་ཡིན།༽ཟིང་ཟིང་དང་རྒྱལ་ཕམ་གྱི་འགྲན་རྩོད་ཁྲོད་སྐད་ཆ་ལ་ལར་ཞིབ་ཆ་མ་ཐོན་པའི་སྐབས་ཀྱང་ཡོད་མོད་ལྟོས་བཅོས་ཀྱི་བཤད་ན་འགྲན་ཞུགས་ཁྲོད་ཨང་བཞི་བའི་བོད་ཀྱི་གཞོན་ནུ་མ་ཁྱོད་ལ་བསྟོད་བསྔགས་ཀྱི་མེ་ཏོག་ཕུལ་ཆོག་ཆོག་ཡིན་སོང་།
སྒལ་ནག་རུལ་བའི་དཔྱད་བརྗོད་པ་ཚོ།
མདང་རེས་གཟའ་སྤེན་པའི་འགྲན་རྩོད་ལ་བློ་ཡུལ་ལས་འདས་པའི་འགྱུར་ལྡོག་བྱུང་སོང་། ཁོ་མོ་ཚོ་མི་ལྔ་ཡོད་པའི་གྲས་ནས་གཅིག་ཕྱིར་འཐེན་བྱས་ཏེ་བཞི་ལ་ཐུག་དགོས་པའི་འགྲན་རྩོད་དུ་གྱུར་ཡོད་ནའང་གཞོན་ནུ་མ་ཏད་ཡེད་ཟེར་བས་ཁོ་མོས་གླུ་མི་ལེན་པར་རང་འགུལ་གྱིས་ཕྱིར་འབུད་བྱེད་རྒྱུ་བློ་ཐག་རྦད་གཅོད་བྱས་པས་ཁོ་མོ་ལ་རེ་བ་དང་དགའ་བསུ་བྱེད་མཁན་ལྟད་མོ་པ་མང་པོ་མིག་ཆུ་ཤོར་དུ་བཅུག་སོང་། འདིའི་ཐད་ལ་དངོས་སུ་གར་སྟེགས་སྟེང་ཞུགས་ཡོད་པའི་གླུ་མ་དེ་དག་དང་མདོ་འཛིན་པ།  དཔྱད་བརྗོད་པ། རམ་འདེགས་པ། ལྟད་མོ་པ་ཡང་ན་བརྙན་འཕྲིན་དང་དྲ་ཐོག་གི་ལྟད་མོ་པ་རེ་རེར་བསམ་ཚུལ་དང་རྣམ་རྟོག་འདྲ་མིན་འཆར་སྲིད་ལ་འཆར་ཡང་ཆོག་ཆོག་ཡིན། ང་རང་ལ་མཚོན་ནས་བཤད་ན་བུ་མོ་ཏད་ཡེད་ཟེར་བ་ནི་དུས་རྒྱུན་མི་ཚོགས་ཀྱིས་དགའ་བསུ་ཐོབ་མཁན་ཆེས་མང་ཤོས་དེ་ཆགས་ཡོད་ནའང་དོ་དགོང་བུ་མོ་མའོ་རོང་ཏན་གྱི་བསྡོམས་གྲངས་༩༥་དང་ཐེན་ཡིས་༨༤་ལིས་ཧོས་༨༣་ཏད་ཡེད་༧༤དབྱངས་ཕྱུག་མཚོ་ལ་༤༠ལས་ཐོབ་མེད་པ་ནི་འགྲན་རྩོད་གོ་རིམ་ཁྲོད་དུ་ཧེ་བག་ཆེན་པོ་ཤོར་ཡོད་པ་རེད། ངའི་རྣམ་རྟོག་ནི་བུ་མོ་ཏད་ཡེད་ནི་འགྲན་རྩོད་རེ་རེའི་སྐབས་སུ་དགའ་བསུ་ཐོབ་མཁན་ཆེས་མང་ཤོས་དེ་ཆགས་ཡོད་སྟབས་གཞན་པ་གསུམ་སྔོན་དུ་འདེམས་ཁུལ་བྱས་རྗེས་ཏད་ཡེད་དང་དབྱངས་ཕྱུག་མཚོ་གཉིས་འགྲན་དུ་འཇུག་རྒྱུ་དང་དེའི་རྗེས་དབྱངས་ཕྱུག་མཚོ་ཏད་ཡེད་ཀྱི་འགྲན་ཡ་མ་ཡོང་བར་ཁ་གཡོར་རྩིས་ཡིན་པ་དེ་རེད། ཡིན་ཡང་གཞུང་རྒྱུད་དྲང་ལ་ངང་རྒྱུད་འཇམ་པའི་བོད་པའིགཞོན་ནུ་མ་དབྱངས་ཕྱུག་མཚོ་ལ་མཚོན་ན་གཅིག་ན་ཉམས་མྱོང་དང་གཉིས་ན་གཡོ་སྒྱུའི་ལས་ཀར་གོམས་མེད་པས་ཧ་ལམ་ཐེ་ཚོམ་དང་དོགས་སྣང་གང་ཡང་ཡོད་པ་མ་རེད་མོད། བུ་མོ་ཏད་ཡེད་ཀྱིས་ངོ་གདོང་ཐེད་ལ་བོར་ཞིང་སྒལ་ནག་རུལ་གྱིན་པའི་དཔྱད་བརྗོད་པ་དག་གི་སྣོགས་ལས་སྐྱུག་བྲོ་བོར་ཡིད་ཆད་དང་བློ་ཕམ་གྱིས་ད་རེས་ཀྱི་འགྲན་རྩོད་གླུ་དབྱངས་འདི་ལེན་འདོད་མེད་ཅེས་པ་དང་མོ་རང་ཉིད་ཀྱིས་སེམས་ཐག་བཅད་པར་དཔྱད་བརྗོད་པ་དང་མདོ་འཛིན་པ། ཁོ་མོར་དགའ་བསུ་དང་རེ་བ་ཆེན་པོ་བཅངས་ཡོད་པའི་རྒྱ་ཆེ་བའི་ལྟད་མོ་རྣམས་ཀྱིས་བརྩི་མཐོང་གནང་རྒྱུ། གླུ་འདི་མི་ལེན་པ་ང་རང་ཉིད་ཀྱིས་གཅིག་གཅོད་བྱས་པར་ཀུ་ཡངས་དང་བཟོད་སྒོམ་ཡང་གནང་རྒྱུ་ཞེས་བཤད་ཡོད་པས་བུ་མོ་ཏད་ཡེད་ཀྱི་རང་གཤིས་རྣལ་མ་དང་རྒྱུ་འབྲས་དྲང་སྙོམས་ལ་ཁ་ཕྱོགས་སྟངས་ཡ་མཚན་པ་ཞིག་གིས་ད་ཐེངས་མེ་ཏོག་ཆུན་པོ་འགྲན་རྩོད་ཀྱི་མི་སྣ་ཡོངས་དང་རྒྱ་ཆེའི་ལྟད་མོ་བ་ཡོད་ཚད་ཧང་སང་བར་བྱས་ཡོད་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད། ཏད་ཡེད་ཀྱིས་རང་ཉིད་ཕྱིར་འཐེན་བྱེད་སྟངས་འདི་ལ་མདོ་འཛིན་པ་དང་དཔྱད་བརྗོད་པ་ཚོས་བློ་ཡུལ་དུ་ཤོང་ཡོད་པ་མ་རེད། ཁོ་མོ་ཕྱིར་འཐེན་བྱས་པ་དེར་འགྲེལ་བརྗོད་བྱེད་སྟངས་འདྲ་མིན་ཡོང་སྲིད་དེ་གཅིག་ནི་ད་རེས་ཀྱི་དཔྱད་བརྗོད་པ་ཚོའི་གདོང་འབག་དམར་བཤུ་བྱས་ཡོད་པ་དེ་དང་གཉིས་ནི་དབྱངས་ཕྱུག་མཚོའི་ཨང་བཞི་བའི་གྲལ་དུ་ཚུད་པ་ནི་ཏད་ཡེད་ཀྱིས་བྱིན་པ་རེད་ཟེར་མཁན་བྱུང་ན་དབྱངས་ཕྱུག་མཚོའི་སྙན་གྲགས་ལ་ཕོག་ཐུག་བཏང་ཡོད་པ་དང་། གསུམ་ནི་འདི་འདྲའི་གནད་འགག་གི་སྐབས་སུ་རང་ཉིད་ཀྱི་མིང་ཐོབ་གཞན་ལ་བྱིན་པ་ཡིན་ན་རང་ཉིད་ཀྱི་སྙན་གྲགས་དེ་བས་ཀྱང་ཆེ་ཆེར་འགྲོ་གི་རེད་ལ་སོགས་པ་སྣ་ཚོགས་འབྱུང་གི་རེད་མོད་གཙོ་བོ་ཏད་ཡེད་ཀྱིས་རང་ཉིད་གློ་བུར་དུ་ཕྱིར་འཐེན་བྱས་ཚུལ་ལ་བལྟས་ན་དཔྱད་བརྗོད་པ་དག་ལ་འབྲེལ་བ་དམ་ཟབ་ཡོད་པ་ཐག་གིས་ཆོད།
ཡང་བསྐྱར་དབྱངས་ཕྱུག་མཚོ་གླེང་དོན།
དབྱངས་ཕྱུག་མཚོའི་ནུས་རྩལ་གྱིས་ལྟད་མོ་པ་ཁྲི་སྟོང་གི་ཡིད་སེམས་དྲངས་ཡོད་པ་མ་ཟད་ཆེད་ལས་རང་བཞིན་གྱི་སྦྱོང་བརྡར་ཐོབ་མ་མྱོང་པར་རང་གིས་འབད་བརྩོན་དང་ནུས་རྩལ་ལ་བརྟེན་ནས་ད་ཐེངས་རྒྱལ་ཡོངས་ཀྱི་འགྲན་ཞུགས་པ་བཞིའི་གྲས་སུ་ཚུད་པ་འདིས་དགྱ་བོད་ཀྱི་སྤུན་ཟླ་མང་པོ་ཞིག་ཧ་ལས་ཡོད་ཚོད་འདུག ཡིན་ཡང་འགྲན་རྩོད་ཀྱི་རིམ་པ་མང་པོ་བརྒྱུད་མཐར་ལྔ་ནང་བཞི་འདེམས་ཀྱི་འགྲན་རྩོད་སྐབས་སུ་གླུ་མ་ཏད་ཡེད་དང་ཁོ་མོ་གཉིས་ཕྱིར་འཐེན་བྱ་དོན་ནི་དཔྱད་པ་ཚོས་གྲངས་ཉུང་མི་རིགས་ཀྱི་བུ་མོ་གཞོན་ནུ་མ་དབྱངས་ཕྱུག་མཚོ་བསམ་གཟས་ཏེ་ཕྱིར་འཐེན་བྱ་འཆར་ལས་གཞན་ཅང་ཡང་ཡོད་པ་མ་རེད། གླུ་མ་ཏད་ཡེད་ནི་གཟུགས་ཆེ་ལ་ཅུང་ཕོ་གསར་གྱི་བཟོ་ལྟ་ཡོད་པ་ཁོ་མོའི་གླུ་སྐད་ཀྱིས་ཉན་མཁན་དག་ལ་བརྗོད་མི་ཤེས་པའི་བག་ཆགས་ཤིག་བཞག་ཡོད་པས་འགྲན་རྩོད་རེ་རེའི་ཁྲོད་མང་ཚོགས་ཀྱི་དགའ་བསུ་ཐོབ་མཁན་ཆེས་མང་ཤོས་དེ་ཆགས་ཡོད་པ་དང་དབྱངས་ཕྱུག་མཚོ་ནི་ཐེངས་འདིའི་འགྲན་ཞུགས་ཁྲོད་གྲངས་ཉུང་མི་རིགས་ཀྱི་མི་སྣ་གཅིག་པུ་ཡིན་པ་དང་བོད་རིགས་བུ་མོ་གཟུགས་ཡག་ཤོས་དང་ད་དུང་མི་རིགས་རང་གི་གླུ་དབྱངས། ཞབས་བྲོ   གྱོན་ཆས་སོགས་གཞན་པ་དག་དང་རྦད་དེ་མི་འདྲ་ས་མང་པོ་ཡོད་ལ་ལྷག་པར་ཁོ་མོའི་ཆེད་ལས་རང་བཞིན་གྱི་སྦྱོང་བརྡར་ཐོབ་མ་མྱོང་པར་རང་གིས་འབད་བརྩོན་དང་ནུས་རྩལ་ཁོ་ནས་མེ་ཏོག་ཆུན་པོའི་འགྲན་ཞུགས་པ་དག་དང་ཁ་གཏད་དུ་ལངས་ཐུབ་པའི་སྙིང་སྟོབས་འདི་དག་གིས་གླུ་མ་ཏད་ཡེད་དང་དབྱངས་ཕྱུག་མཚོ་གཉིས་ལ་མེ་ཏོག་ཆུན་པོའི་མཐའ་མཇུག་གི་རྒྱལ་ཁའི་བྱ་དགའ་ཐོབ་འོས་པ་རེད།
དབྱངས་ཕྱུག་མཚོའི་རུམ་ཁ་ཕྱེས་རོགས།
སྤྱིར་ན་ངེད་གཉིས་ཧ་ཅང་ཐག་རིང་ཞིག་མིན་ལ་གོ་སྐབས་བཙལ་ན་ངོ་ཐུག་མི་ཐུབ་པ་ཞིག་ཀྱང་གཏན་ནས་མིན་ནའང་སྐྲ་ལོ་དང་དམ་ཚིག  ནུ་འབུར་དང་ཆོས་གོས་ཀྱི་བར་ཐག་ཤིན་ཏུ་ནས་རིང་བས་ད་ནི་ངོས་ཀྱི་རེ་བ་ཆུང་ཆུང་འདིའི་དོན་དུ་འཕྲིན་པ་འདི་འདྲ་ཞིག་མ་བསྐུར་ཐབས་མེད་བྱུང་སོང་། དེང་རབས་གླུ་གཞས་ཡིན་ན་དགྱ་གླུ་ཡིན་པས་མ་ཁྱབ་པ་དང་དེང་སང་གི་བོད་གཞས་ཡིན་ཟེར་བ་ཚོའི་ནང་ན་ཅུང་ཉན་སྤྲོ་བ་རེ་འགའ་ཡོད་ཀྱང་སྲིད་པས་རྗེས་སོར་རང་མི་རིགས་ཀྱི་ཁྱད་ཆོས་ཐོན་ཐུབ་པའི་བོད་གླུ་མང་ཙམ་ལེན་ཐུབ་པ་ཡིན་ན་མུ་མཐུད་ནས་དགའ་བསུ་དང་རྒྱབ་སྐྱོར་གྱི་སྐད་འབོད་རྒྱག་གི་ཡིན། དེ་མིན་པར་དབྱངས་ཕྱུག་མཚོ་འགྲན་རྩོད་ཁྲོད་ནས་ཕྱིར་ཐོན་དུས་སྔར་གྱི་བོད་མོ་དབྱངས་ཕྱུག་མཚོ་དེ་མ་ཡིན་པར་ཕ་ཡུལ་རྩྭ་ཐང་དང་ཐག་རིང་དུ་གྱེས་ཡོད་པ་དང་། ཡུལ་མི་གཉེན་ཉེ་ཚོ་དང་ལག་འཇུས་མི་བྱེད་པ། ལྷག་པར་གྲྭ་རྐྱང་ང་རང་གི་སེམས་ཀྱི་བྲག་ཐེམ་ནས་གླ་བོ་བཞིན་དུ་ལྡིང་མི་འགྱོ་རྒྱུ་ངས་ཁྱོད་ཀྱི་རུམ་ལ་བསྐུར་བའི་སྙིང་གཏམ་ཡིན། སེམས་ཀྱིས་བཤད་པའི་སྐད་ཆ་ཡིན། འཕྲིན་དུ་བརྫུས་པའི་ཁ་བཏགས་ཡིན། དབྱངས་ཕྱུག་མཚོ། སླར་མར་ལས་དབང་གིས་གོ་སྐབས་སྤྲད་པ་ཡིན་ན་མྱུར་མཇལ་ཡོང་ངེས། །
བཀྲ་ཤིས་བདེ་ལེགས། རེས་གཟའ་སྤེན་པའི་མེ་ཏོག་ཆུན་པོའི་འགྲན་རྩོད་ལ་བལྟས་པའི་མྱོང་ཚོར་དང་བུ་མོ་དབྱངས་ཕྱུག་མཚོར་ཡི་རངས་ཀྱི་མེ་ཏོག་རྐང་གཅིག་ཕུལ་བ་ཡི་གེར་བསྡེབས་པ་འདིའང་གྲྭ་རྐྱང་ཁོ་མོའི་སྒྱུ་རྩལ་འཇོན་ཐང་ལ་དགའ་བ་ལས་གཞན་ཅང་མ་ཡིན་ནོ།
ཉི་ཟླ་ཚེས་བཟང་པོར་མི་ཁོམ་པའི་རྒྱལ་སྲས་ནས།

2 comments:

  1. བོད་དྲི་བྲོ་བའི་གླུ་མ་ཞིག་ཡིན་ན་བཀྲིས་བདེ་ཞུ།
    རྩམ་དྲི་མ་བྲོ་ན་དེ་ལས་ལྡོག་ཏེ...............

    ReplyDelete

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།